見出し画像

ཨི་ལྡན་ཅུང་ཟད་བཤད་པ། །

ཨི་ལྡན་ཅུང་ཟད་བཤད་པ། །
ཉི་ཧོང་བ་ཊོ་ཁྱེའོ་སློབ་སྒྲྭ་ཆེན་མོ་ལོ་རིམ་གསུམ་པ་ཨི་ནུ་ཨི་མ་ས་ཐ་ཁ། །

འདིར་ཨི་ལྡན་ཅུང་ཟད་བཤད་པ་ལ་བཞི་ཡོད་དེ། ཨི་ལྡན་གྱི་སྒྲ་བཤད། ཨི་ལྡན་གྱི་ཚིག་ཕྲད་བཅུ་བཤད་པ། ཨི་ལྡན་གྱི་སྒྲའི་སྦྱོར་ཚུལ་བཤད་པ། ཨི་ལྡན་གྱི་དོན་གྱི་སྦྱོར་ཚུལ་བཤད་པ་དང་བཞི་ཡོད་པའི་ཕྱིར་རོ། །

དང་པོ་ནི། གྱི་ཀྱི་གི་འི་ཡི་གྱིས་ཀྱིས་གིས་འིས་ཡིས་ཆོས་ཅན། ཁྱོད་ལ་ཨི་ལྡན་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དབྱངས་ཨི་དང་ལྡན་པས་ན་ཨི་ལྡན་ཞེས་བརྗོད་པའི་ཕྱིར་རོ། །

གཉིས་པ་ནི། ཨི་ལྡན་གྱི་ཕྲད་ཆོས་ཅན། ཁྱོད་ལ་ཚིག་ཕྲད་བཅུ་ཡོད་དེ། གྱི་ཀྱི་གི་འི་ཡི་གྱིས་ཀྱིས་གིས་འིས་ཡིས་དང་བཅུ་ཡོད་པའི་ཕྱིར་ཏེ། ལེགས་བཤད་ལྗོན་དབང་ལས།། གི་ཀྱི་གྱི་འི་ཡི་ལྔ་པོ། །རྣམ་དབྱེ་དྲུག་པ་འབྲེལ་སྒྲ་དང་། །དེ་རྣམས་ས་མཐའ་ཅན་ལྔ་ནི། །རྣམ་དབྱེ་གསུམ་པ་བྱེད་སྒྲ་སྟེ། ། ཞེས་གསུངས་པའི་ཕྱིར་རོ། །

ཁ་ཅིག་ན་རེ། མཐའ་མེད་པའི་མིང་ལ་རྗེས་འཇུག་མེད་ཟེར་ན། རྟ་ཆོས་ཅན། ཁྱོད་ལ་ཨི་ལྡན་བཞག་ཏུ་མེད་པར་ཐལ། མཐའ་མེད་ཡིན་པའི་ཕྱིར། གྲུབ་སྟེ། རྟ་དེ་མཐའ་མེད་ཡིན་པའི་ཕྱིར། མ་ཁྱབ་ན། དེར་ཐལ། རྗེས་འཇུག་མེད་པའི་ཕྱིར། མ་ཁྱབ་ན། དེར་ཐལ། རྗེས་འཇུག་མེད་ན་ཨི་ལྡན་བཞག་ཏུ་མེད་པས་ཁྱབ་པའི་ཕྱིར་ཏེ། སུམ་ཅུ་པའི་རྩ་བ་ལས།། རྗེས་འཇུག་ཡི་གེ་བཅུ་པོ་ནི། ། ཨི་དང་མཐུན་ལུགས་འདི་ཞེས་བྱ། ། ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། རྟ་ཆོས་ཅན། ཁྱོད་ལ་ཨི་ལྡན་བཞག་ཏུ་ཡོད་པར་ཐལ། ཁྱོད་ལ་རྗེས་འཇུག་ཡོད་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེར་ཐལ། འ་དེ་དེ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། སུམ་ཅུ་པའི་རྩ་བ་ལས།། ཀཱ་ལི་སུམ་ཅུ་ཐམ་པའོ། ། དེ་ལས་རྗེས་འཇུག་བཅུ་ཡིན་ཏེ། ། ཞེས་གསུངས་པའི་ཕྱིར་ཏེ། རྗེས་འཇུག་བཅུ་ནི་ག་ང་ད་ན་བ་མ་འ་ར་ལ་ས་དེ་དེ་ཡིན་པའི་ཕྱིར་ཏེ། ལེགས་བཤད་ལྗོན་དབང་ལས།། ག་ང་ད་ན་བ་མ་འ། ། ར་ལ་ས་རྣམས་རྗེས་འཇུག་བཅུ། ། ཞེས་གསུངས་པའི་ཕྱིར་རོ། །

ཡང་ཁ་ཅིག་ན་རེ། རྟ་ལ་རྗེས་འཇུག་འ་མེད་དེ་ཁྱོད་སྐད་གསར་བཅད་ཀྱི་ལུགས་ལ་མཐའ་མེད་ཡིན་པའི་ཕྱིར་ཟེར་ན། མ་ཁྱབ་སྟེ། གུག་ཀྱེད་བརྩེགས་འདོགས་ཅན་གྱི་འ་རྗེས་འཇུག་དེ་ཡིན་པའི་ཕྱིར་ཏེ། ལེགས་བཤད་ལྗོན་དབང་ལས།། རྐྱང་པ་འཕུལ་ལ་འ་མཐའ་དགོས། ། གུག་ཀྱེད་བརྩེགས་འདོགས་ཅན་ལ་སྤང་། ། ཞེས་གསུངས་པའི་ཕྱིར། དེས་ན། མིང་གཞི་རྐྱང་པ་ཡིན་ན་འ་མིང་གཞིའི་རྗེས་ལ་འ་ཡོད་པའི་ཁྱབ་ཀྱི། འ་རྗེས་འཇུག་ལ་མིང་གཞིའི་རྗེས་སུ་འ་ཡོད་མེད་གཉིས་ཡོད་དེ། ཡོད་པ་ནི་རྐྱང་པ། མེད་པ་ནི་གུག་ཀྱེད་བརྩེགས་འདོགས་ཅན་དེ་གཉིས་ཡདོ་པའི་ཕྱིར། དེས་ན་མཐའ་མེད་ལའང་དོན་ལ་རྗེས་འཇུག་ཡོད་དེ། འ་དེ་དེ་ཡིན་པའི་ཕྱིར། མིང་ཡིན་ན་རྗེས་འཇུག་ཡོད་པས་ཁྱབ་པའི་ཕྱིར་ཏེ། སུམ་ཅུ་པའི་རྩ་བ་ལས།། རྗེས་འཇུག་ཡི་གེ་བཅུ་པོ་ནི། ། མིང་གང་གི་ནི་མཐའ་སྦྱར་བ། ། ཞེས་གསུངས་པའི་ཕྱིར། དེ་བཞིན་དུ་ཕྲད་ཡིན་ན་རྗེས་འཇུག་གི་རྗེས་སུ་འགྲོ་བས་ཁྱབ་བོ། །

གསུམ་པ་ནི། ཨི་ལྡན་གྱི་སྒྲའི་སྦྱོར་ཚུལ་བཤད་པ་ལ་གསུམ་ཡོད་དེ། སུམ་ཅུ་པའི་རྩ་བ་དང་ལེགས་བཤད་ལྗོན་དབང་ལ་བརྟེན་ནས་བཤད་པ། རྟགས་མཚུངས་དང་བརྗོད་བདེ་བཤད་པ། རྣམ་དབྱེ་གསུམ་པའི་སྒྲའི་སྦྱོར་ཚུལ་རྣམ་དབྱེ་དྲུག་པའི་སྐབས་དང་མཚུངས་ཚུལ་བཤད་པ་དང་གསུམ་ཡོད་པའི་ཕྱིར་རོ། །

དང་པོ་ནི། སུམ་ཅུ་པའི་རྩ་བ་ལས།། དང་པོ་གཉིས་ཞེས་པ་ནི་ག་ང་ཡིན་ཏེ། རྗེས་འཇུག་བཅུའི་རིམ་པ་ལས། དང་པོ་ག གཉིས་པ་ང་ཡིན་པའི་ཕྱིར། དང་པོ་མཐུན་ཞེས་པ་ནི་ག་ཡིན་ཏེ། དེ་ཉིད་ལས་དང་པོ་ག་ཡིན་པའི་ཕྱིར། མདོར་ན། ག་དང་ང་གཉིས་ལ་གི་འཐོབ་ཅེས་བའི་དོན་ཏེ། ལེགས་བཤད་ལྗོན་དབང་གི་སྒྲའི་སྦྱོར་ཚུལ་བཤད་པ་ལས།། ག་ང་གི ། ཞེས་གསུངས་པའི་ཕྱིར། དེ་བཞིན་དུ་གསུམ་ལྔ་བཅུ་ཞེས་པ་ནི་ད་བ་ས་ཡིན་ཏེ། རྗེས་འཇུག་བཅུའི་རིམ་པ་ལས། གསུམ་པ་ད། ལྔ་པ་བ། བཅུ་པ་ས་ཡིན་པའི་ཕྱིར། དེ་དག་ལ་ཀྱི་སྦྱར་ཏེ། ལེགས་བཤད་ལྗོན་དབང་གི་སྒྲའི་སྦྱོར་བཤད་པ་ལས།། ད་བ་ས་ཀྱི།། ཞེས་གསུངས་པའི་ཕྱིར། བདུན་པ་ཉིད་ཅེས་པ་ནི་འ་ཡིན་ཏེ། རྗེས་འཇུག་བཅུའི་རིམ་པ་ལས། བདུན་པ་འ་ཡིན་པའི་ཕྱིར། ཡང་རྗེས་འཇུག་གཙོ་བོར་སྟོན་པའི་སུམ་ཅུ་པའི་རྩ་བའི་ཤུགས་བསྟན་གྱི་དོན་ནི་འ་ལ་ཡིའང་འཐོབ་པ་ཡིན། དེས་ན་འ་ལ་འི་ཡང་ན་ཡི་འཐོབ་པའི་དོན་ཏེ། ལེགས་བཤད་ལྗོན་དབང་གི་སྒྲའི་སྦྱོར་ཚུལ་བཤད་པ་ལས།། འ་དང་མཐའ་མེད་འི་དང་ཡི། ། ཞེས་གསུངས་པའི་ཕྱིར། ལྷག་མ་རྣམས་ཞེས་གསུངས་པའི་ལུང་ཆོས་ཅན། ཁྱོད་ལ་དགོངས་པ་ཡོད་དེ། རྗེས་འཇུག་བཅུ་ནང་ལས་གོང་དུ་བཤད་པའི་ག་ང་ད་བ་ས་འ་ལ་ལྷག་པ་ཡོད་པའི་ཕྱིར་ཏེ། ན་མ་ར་ལ་དེ་དེ་ཡིན་པའི་ཕྱིར་ཏེ།  ལེགས་བཤད་ལྗོན་དབང་གི་སྒྲའི་སྦྱོར་ཚུལ་བཤད་པ་ལས།། ན་མ་ར་ལ་གྱི། ། ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་ནི། ཨི་ལྡན་གྱི་ཚིག་ཕྲད་ཡིན་ན་རྗེས་འཇུག་གི་རྟགས་གསུམ་དང་མཚུངས་པས་མ་ཁྱབ་སྟེ། ཨི་ལྡན་གྱི་ཚིག་ཕྲད་ལ་རྟགས་མཚུངས་པ་དང་བརྗོད་བདེ་གཉིས་ཡོད་པའི་ཕྱིར། དང་པོའི་དཔེ་ནི། ངག་དབང་གི་ཡིག་ཆ་ལྟ་བུ། དེ་ཆོས་ཅན། རྗེས་འཇུག་གི་རྟགས་གསུམ་གང་རུང་དང་མཚུངས་ཏེ། ཁྱོད་གཉིས་ཀ་ཡི་གེ་མོ་ཡིན་པའི་ཕྱིར་ཏེ། རྗེས་འཇུག་ང་ཡེ་གེ་མོ་ཡིན་པ་གང་ཞིག མིང་གཞི་ག་ཡི་གེ་མོ་ཡིན་པའི་ཕྱིར་ཏེ། དཀའ་གནད་གསལ་བའི་མེ་ལོང་ལས།། ང་འ་མ་གསུམ་མོ་ཡིན་ཅིང་། ། ཞེས་གསུངས་པ་གང་ཞིག དེ་ཉིད་ལས།། ག་ཇ་ད་བ་ཛ་ཝ་ཞ ། ཟ་འ་ཡ་ཤ་ས་རྣམས་མོ། ། ཞེས་གསུངས་པའི་ཕྱིར། གཉིས་པའི་དཔེ་ནི། དེ་དག་གི་གསོད་ནམས་ལྟ་བུ། དེ་ཆོས་ཅན། བརྗོད་བདེ་ཡིན་ཏེ། རྣམ་དབྱེ་དྲུག་པ་འབྲེལ་སྒྲ་དང་རྗེས་འཇུག་གི་རྟགས་མ་མཚུངས་ཀྱང་བརྗོད་བདེ་བ་ཡིན་པའི་ཕྱིར་རོ། །

གསུམ་པ་ནི། རྣམ་དབྱེ་གསུམ་པ་བྱེད་སྒྲ་ཆོས་ཅན། སྒྲའི་སྦྱོར་ཚུལ་རྣམ་དབྱེ་དྲུག་པའི་སྐབས་དང་མཚུངས་ཏེ། རྣམ་དབྱེ་གསུམ་པ་དང་དྲུག་པ་གང་རུང་ཡིན་ནའང་དེའིམིང་ཞིག་གི་ཁྱད་པར་མེད་པའི་ཕྱིར་ཏེ། དེ་གཉིས་གང་རུང་ཡིན་ན་དེའི་མིང་གཞི་ག་ཀ་འ་ཡ་གང་རུང་ཡིན་པས་ཁྱབ་པའི་ཕྱིར། ཡང་ན། བཀའ་ཆེན་པད་མའི་ལེགས་བཤད་ལྗོན་དབང་གི་འབྲེལ་བ་ལས།། དྲུག་གསུམ་གཉིས་ཀའི་སྦྱོར་ཚུལ་ནི། ། ཞེས་གསུངས་པའི་ཕྱིར་ཏེ། སུམ་ཅུ་པའི་རྩ་བ་ལས།། དེ་དག་ཨི་སྦྱར་འབྲེལ་བའི་ས། །དེ་ཉིས་ལ་ནི་བཅུ་པ་སྦྱར། །བྱེད་པའི་སར་ནི་ཤེས་པར་བྱ། ། ཞེས་གསུངས་པའི་ཕྱིར་རོ། །

བཞི་པ་ནི། དོན་གྱི་སྦྱོར་ཚུལ་བཤད་པ་ལ་གཉིས་ཡོད་དེ། རྣམ་དབྱེ་དྲུག་པ་འབྲེལ་སྒྲ་བཤད་པ། རྣམ་དབྱེ་གསུམ་པ་བྱེད་སྒྲ་བཤད་པ་དང་གཉིས་ཡོད་པའི་ཕྱིར་རོ། །

དང་པོ་ནི། རྣམ་དབྱེ་དྲུག་པ་འབྲེལ་སྒྲ་བཤད་པ་ལ་གསུམ་ཡོད་དེ། འཕྲོས་པའི་འཕོས་གཞུང་བསྟན་པ། སྒྲ་བཤད། དབྱེ་བ་དང་གསུམ་ཡོད་པའི་ཕྱིར་རོ། །

དང་པོ་ནི། རྣམ་དབྱེ་དྲུག་པ་འབྲེལ་སྒྲ་ཆོས་ཅན། ཁྱོད་ལ་རྣམ་དབྱེ་དྲུག་པ་འབྲེལ་སྒྲ་འཕྲོས་པའི་འཕོས་གཞུང་ཡོད་དེ། ལེགས་བཤད་ལྗོན་དབང་ལས།། གི་ཀྱི་གྱི་འི་ཡི་ལྔ་པོ། ། རྣམ་དབྱེ་དྲུག་པ་འབྲེལ་སྒྲ་དང་། ། ཞེས་གསུངས་པའི་ཕྱིར་ཏེ། སུམ་ཅུ་པའི་རྩ་བ་ལས།། དང་པོ་གཉིས་ལ་དང་པོ་མཐུན། ། གསུམ་ལྔ་བཅུ་ལ་ཀྱ་དང་སྦྱར། ། བདུན་པ་ཉིད་ལ་བདུན་པ་སྟེ། ། ལྷག་མ་རྣམས་ལ་གྱ་སྦྱར་བ།  །དེ་དག་ཨི་སྦྱར་འབྲེལ་བ།། ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་ནི། རྣམ་དབྱེ་དྲུག་པ་འབྲེལ་སྒྲ་ཆོས་ཅན། ཁྱོད་ལ་ཅིའི་ཕྱིར་འབྲེལ་སྒྲ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། རྟེན་བརྟེན་པ་སོགས་ཆོས་གཉིས་ཕན་ཚུན་འབྲེལ་བ་སྟོན་པའི་སྒྲ་ཡིན་པས་ན་དེ་ལྟར་བརྗོད་པའི་ཕྱིར། ཡང་ན། ལེགས་བཤད་ལྗོན་དབང་ལས།། རྣམ་དབྱེ་དྲུག་པ་འབྲེལ་སྒྲ་དང་། ། ཞེས་གསུངས་པའི་ཕྱིར་ཏེ། སུམ་ཅུ་པའི་རྩ་བ་ལས།། དེ་དག་ཨི་སྦྱར་འབྲེལ་བ།། ཞེས་གསུངས་པའི་ཕྱིར། ཡང་ལེགས་སྦྱར་སྐད་ཀྱི་རྣམ་དབྱེ་དྲུག་པ་ཆོས་ཅན། ཁྱོལ་ལ་ཅིའི་ཕྱིར་རྣམ་དབྱེ་དྲུག་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། རྒྱ་གར་གྱི་མཁས་པའི་པཱ་ཎི་ནིའི་དགོངས་པ་ལ་བརྟེན་ནས་དེ་ལྟར་བརྗོད་པའི་ཕྱིར་ཏེ། རང་ཉིད་ཀྱིས་མཛད་པའི་པཱ་ཎི་ནི་སཱུ་ཏྲ་ནས། षष्ठी स्थानेयोगा (A.1.1.49.) ་ཞེས་གསུངས་པའི་ཕྱིར། षष्ठी ་ནི་རྣམ་དབྱེ་དྲུག་པ་ཡིན་ནོ ། །

གསུམ་པ་ནི། རྣམ་དབྱེ་དྲུག་པ་འབྲེལ་སྒྲ་ཆོས་ཅན། ཁྱོད་ལ་དབྱེ་བ་མང་དུ་ཡོད་དེ། གཞི་མཐུན་གྱི་དྲུག་པ་དང་། རྟེན་བརྟེན་པའི་འབྲེལ་བ། ཡན་ལག་ཅན་དང་ཡན་ལག་གི་འབྲེལ་བ་སོགས་ཡོད་པའི་ཕྱིར་ཏེ། འགྲེལ་བ་པོ་བཀའ་ཆེན་པད་མའི་དགོངས་པ་ཡིན་པའི་ཕྱིར། ཡང་དབྱེ་ན། ཡན་ལག་དང་ཡན་ལ་ཅན་གྱི་འབྲེལ་བ། རྒྱུ་དང་འབྲས་བུའི་འབྲེལ་བ། རྟེན་དང་བརྟེན་པའི་འབྲེལ་བ། ཁྱད་གཞི་དང་ཁྱད་ཆོས་ཀྱི་འབྲེལ་བ། ངོ་བོ་གཅིག་པའི་འབྲེལ་བ། བདག་པོ་དང་ནོར་གྱི་འབྲེལ་བ་དེ་དག་ཡོད་དོ། །

གཉིས་པ་ནི། རྣམ་དབྱེ་གསུམ་པ་བྱེད་སྒྲ་བཤད་པ་ལ་གསུམ་ཡོད་དེ། འཕྲོས་པའི་འཕོས་གཞུང་བསྟན་པ། སྒྲ་བཤད། དབྱེ་བ་དང་གསུམ་ཡོད་པའི་ཕྱིར་རོ། །

དང་པོ་ནི། རྣམ་དབྱེ་གསུམ་པ་བྱེད་སྒྲ་ཆོས་ཅན། ཁྱོད་ལ་རྣམ་དབྱེ་གསུམ་པ་བྱེད་སྒྲ་འཕྲོས་པའི་འཕོས་གཞུང་ཡོད་དེ། ལེགས་བཤད་ལྗོན་དབང་ལས།། དེ་རྣམས་ས་མཐའ་ཅན་ལྔ་ནི། །རྣམ་དབྱེ་གསུམ་པ་བྱེད་སྒྲ་སྟེ། ། ཞེས་གསུངས་པའི་ཕྱིར་ཏེ། སུམ་ཅུ་པའི་རྩ་བ་ལས།། བྱེད་པའི་སར་ནི་ཤེས་པར་བྱ། ། ཞེས་གསུངས་པའི་ཕྱིར། ། རྣམ་དབྱེ་གསུམ་པ་བྱེད་སྒྲ་དང་རྣམ་དབྱེ་གསུམ་པ་བྱེད་པ་པོའི་སྒྲ་དོན་གཅིག་ཡིན་ཏེ། བཀའ་ཆེན་པད་མའི་དགོངས་པ་ཡིན་པའི་ཕྱིར་རོ། །

གཉིས་པ་ནི། རྣམ་དབྱེ་གསུམ་པ་བྱེད་སྒྲ་ཆོས་ཅན། ཁྱོད་ལ་ཅིའི་ཕྱིར་བྱེད་སྒྲ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། མིང་རྐྱང་དང་ལས་ཚིག་གཉིས་ཀྱི་བར་སྦྱར་བའི་ཕྲད་ཡིན་པ་གང་ཞིག ཕྲད་དེ་སྦྱར་ཡུལ་གྱི་དོན་དངོས་གང་དེས་བྱ་བ་ཞིག་བྱེད་པ་སྟོན་པས་ན་དེ་ལྟར་བརྗོད་པའི་ཕྱིར། ཡང་ན། ལེགས་བཤད་ལྗོན་དབང་ལས།། རྣམ་དབྱེ་གསུམ་པ་བྱེད་སྒྲ་སྟེ། ། ཞེས་གསུངས་པའི་ཕྱིར་ཏེ། སུམ་ཅུ་པའི་རྩ་བ་ལས།། བྱེད་པའི་སར་ནི་ཞེས་པར་བྱ། ། ཞེས་གསུངས་པའི་ཕྱིར། ཡང་ལེགས་སྦྱར་སྐད་ཀྱི་རྣམ་དབྱེ་གསུམ་པ་བྱེད་སྒྲ་ཅན། ཁྱོད་ལ་ཅིའི་ཕྱིར་བྱེད་སྒྲ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། རྒྱ་གར་མཁས་པ་པཱ་ཎི་ནིའི་དགོངས་པ་ལ་བརྟེན་ནས་དེ་ལྟར་བརྗོད་པའི་ཕྱིར་ཏེ། པཱ་ཎི་ནི་སཱུ་ཏྲ་ནས། साधकतमं करणम् (A.1.4.23.) ་ཞེས་གསུངས་པའི་ཕྱིར། करणम् ་ནི་བོད་སྐད་དུ་བསྒྱུར་ན་བྱེད་སྒྲ་ཡིན་ནོ། །


རང་བཞིན་གྱིས་གྲུབ། རང་བཞིན་གྱིས་ཤེས་ལྟ་བུ་ཡོད་པས། བྱེད་སྒྲ་འཇུག་པའི་བྱ་ཚིག་ཡིན་ན་བྱེད་འབྲེལ་ལས་ཚིག་ཡིན་པས་མ་ཁྱབ་བོ། །

གསུམ་པ་ནི། རྣམ་དབྱེ་གསུམ་པ་བྱེད་སྒྲ་ཆོས་ཅན། ཁྱོད་ལ་དབྱེ་བ་ཡོད་དེ། རྣམ་དབྱེ་གསུམ་པ་བྱེད་སྒྲ་དང་། རྣམ་དབྱེ་གསུམ་པ་རྒྱུ་མཚན་ལ་འཇུག་པ་དེ་གཉིས་ཡོད་པའི་ཕྱིར། ཡང་ན། རྣམ་དབྱེ་གང་ལ་སྦྱོར་ཡུལ་དེ་རང་གིས་ཉེ་རིགས་སུ་བྱ་བ་ཞིག་བྱེད་པའི་རྣམ་དབྱེ་གསུམ་པ་དང་། རྣམ་དབྱེ་གང་ལ་སྦྱོར་ཡུལ་དེ་རང་གིས་འགྱངས་རིགས་སུ་བྱ་བ་ཞིག་བྱེད་པའི་རྣམ་དབྱེ་གསུམ་པ་དེ་དག་ཡོད་པའི་ཕྱིར་ཏེ། བཀའ་ཆེན་པད་མའི་དགོངས་པ་ཡིན་པའི་ཕྱིར་ཏེ། རང་ཉིད་ཀྱིས་མཛད་པའི་འབྲེལ་བ་ལས།། རྣམ་དབྱེ་གང་ལ་སྦྱོར་ཡུལ་དེ་རང་གིས་ཉེ་འགྱངས་ཅི་རིགས་སུ་བྱ་བ་ཞིག་བྱེད་པའི་དོན་རྣམ་དབྱེ་གསུམ་པ་བྱེད་པ་པོའི་སྒྲ།། ཞེས་གསུངས་པའི་ཕྱིར་རོ། །

ཞེས་པ་ནི། ཨི་ལྡན་གྱི་སྐོར་བོད་རྒྱལ་ལོ་ ༢༡༤༡ ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས་ ༢༨ ཉིན་ཊོ་ཁྱེའོ་སློབ་སྒྲ་ཆེན་མོའི་ལོ་རིམ་གསུམ་པ་(3rd year of the University of Tokyo) ་ཨི་ནུ་ཨི་མ་ས་ཐ་ཁ་ (Masataka Inui) ་བོད་མིང་ངག་དབང་བཟང་པོས་བྲིས་པ་ཡིན་ནོ།། །།

この留学計画は、文科省官民協働海外留学支援制度トビタテ!留学JAPAN新日本代表プログラム16期に採用され、助成を受けています。国と支援者の方々に感謝申し上げます。

いいなと思ったら応援しよう!